འཇིག་སླ་བའི་ཏ་ལའི་ལོ་བྲིས་མའི་གསུང་རབ་ཨང་བསྒྱུར་ལས་གཞི།

ནང་བསྟན་དཔེ་ཚོགས་ལྟེ་གནས་གྱིས་ཏ་ལའི་ལོ་མའི་སྟེང་བྲིས་པའི་ནང་བསྟན་རིག་གནས་དང་གསུང་རབ་ཁག་ཨང་བསྒྱུར་ལས་གཞི་གསར་པ་འགོ་འཛུགས་ཞུས་ཡོད། གལ་ཆེའི་ལས་གཞི་འདི་མངོན་གྱུར་ཡོང་བར་གཏོང་ཕོད་ཆེ་བའི་མཁྱེན་བརྩེའི་ཐེབས་རྩ་ཁང་གིས་མཐུན་འགྱུར་རོགས་རམ་ལ་བརྟེན་ནས་སྒྲུབ་ཐུབ་པ་བྱུང་ཡོད། འདི་ནི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་པ་ལི་དང་ལྷོ་ཤར་ཨེ་ཤ་ཡའི་སྐད་རིགས་གཞན་ནང་ཡོད་པའི་ནང་བསྟན་རིག་གནས་དང་། གསུང་རབ་ཁག་ཨང་བསྒྱུར་དང་དྲ་ཐོག་བལྟ་ཀློག་ཐུབ་པར་བཟོས་པ་ཐོག་མ་དེ་ཡིན།

འཇིག་སླ་ཏ་ལའི་ལོ་མ་ཐེབས་རྩ་ཚོགས་པ་གསར་འཛུགས་གནང་མཁན། སྐུ་ཞབས་ཕེ་ཀྲིར་སི་ཀི་ལིན་དང་མཉམ་འབྲེལ་གྱིས་ས་གནས་ས་ཐོག་ཏུ་ལོ་མང་རིང་ཨང་བསྒྱུར་དང་ཉར་སྲུང་བྱེད་ས་ཁག་མི་འདྲ་བ་གཉིས་བཙུགས་གནང་བ་དང་། ཨང་བསྒྱུར་བྱས་ཚར་བའི་གསུང་རབ་ཁག་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་དྲ་ཐོག་དཔེ་མཛོད་ནང་ཐད་ཀར་ལྟ་ཀློག་བྱེད་ཐུབ་པ་ཞིག་བཟོ་རྒྱུ་ཡིན། ཨང་བསྒྱུར་བྱས་ཟིན་པའི་གསུང་རབ་ཡིག་ཆ་ཁག་དང་དེ་དང་འབྲེལ་བའི་དན་གྲངས་གོང་མ་སོགས་གནས་ཚུལ་ཆ་ཚང་བ་ཡུན་རིང་ཉར་ཚགས་བྱེད་ཆེད་ཧཱ་ལྦར་ཨང་ཅན་དཔེ་མཛོད་ཞབས་ཞུ་(DRS)དང་མཉམ་འབྲེལ་བྱས་ཡོད།

ཏ་ལའི་ལོ་མ་སྟེང་བྲིས་པའི་ནང་བསྟན་གསུང་རབ་ཕྱོགས་བསྡུས་འདིའི་ནང་མང་ཆེ་ཤོས་ཏ་ལའི་ལོ་མའི་སྟེང་པ་ལི་སྐད་ཡིག་དང་། འབར་མ། ཧྲན། ཐའེ་ཁོན། ཐའེ་ལོས། མོན་(Mon)སོགས་ལྷོ་ཤར་ཡེ་ཤ་ཡའི་སྐད་རིགས་མི་འདྲ་ཁག་ལྔའི་ནང་བྲིས་ཡོད་པ་དང་།  གཞན་ཤོག་བུ་དང་། རས་ཀྱི་རྒྱུ་ཆ་བྱས་པ། ཤིང་རྐོས་བྱས་པ་ཁག་ཀྱང་འདུག་ལ།གསུང་རབ་ཁག་ཉར་ཚགས་བྱེད་ས་དཔེ་སྒམ་དང་དཔེ་ཐུམ་སོགས་ཀྱང་འདུག གསུང་རབ་ཕྱོགས་བསྡུས་འདིའི་ནང་འབར་མའི་ལུགས་ཀྱི་ཏ་ལའི་ལོ་མའི་སྟེང་བྲིས་པའི་གསུང་རབ་དཔེ་ཆ་༧༠༠༠ཡས་མས་དང་། ཁོན་(Khun)ལུགས་ཀྱི་ཏ་ལའི་ལོ་མའི་སྟེང་བྲིས་པའི་གསུང་རབ་དཔེ་ཆ་༧༠༠༠། དེ་བཞིན་ཤོག་བུ་སྟེང་བྲིས་པའི་གསུང་རབ་དཔེ་ཆ་སྟོང་ཕྲག་བརྒལ་བ། པར་བཤུས་བརྒྱབ་བཞག་ཡོད་པའི་གསུང་རབ་བརྒྱ་ཕྲག་འགའ་ཡོད་པ་ཚང་མ་ཨང་བསྒྱུར་ལས་གཞི་འདིའི་ནང་ཚུད་ཡོད། ཁྱོན་བསྡོམས་གསུང་རབ་དཔེ་ཆ་༢༢༠༠༠ཡས་མས་ཙམ་ཡོད།

འཇིག་སླ་ཏ་ལའི་ལོ་མ་ཨང་བསྒྱུར་ལས་གཞི་ཚོགས་ཆུང་དང་
གསུང་རབ་ཡིག་ཆའི་དཔེ་མཚོན་འགའ།

ལས་གཞི་འདི་ནི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་ལམ་སྟོན་འོག སྐུ་ཞབས་ཕེ་ཀྲིར་སི་ཀི་ལིན་གྱིས་འགོ་ཁྲིད་པའི་ཏ་ལའི་ལོ་མ་ཐེབས་རྩ་ཚོགས་པའི་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་བ་དང་། ཚོགས་ཆུང་གི་ཚོགས་མི་རྣམས་ཤེས་ཡོན་ཅན་ཤ་སྟག་ལས་གྲུབ་པ་མ་ཟད། ཁ་ཞེ་གཉིས་མེད་ཀྱི་ལས་གཞི་འདི་སྒྲུབ་མཁན་ཉག་ཅིག་ཡིན། ཏ་ལའི་ལོ་མ་ཐེབས་རྩ་ཚོགས་པའི་ལམ་སྟོན་ཚོགས་ཆུང་གི་ཚོགས་མི་རྣམས་ནི་རོ་ཁྲེ་འཇུར་སློབ་ཆེན་གྱི་སྐུ་ཞབས་ཀིརིས་ཤེན་ལེམ་མར་ཊ། སེཀྲིནེ་སློབ་ཆེན་གྱི་སྐུ་ཞབས་མཀེག་ཨེདལོན། ཨེནརྡརརྦག་སློབ་ཆེན་གྱི་ལྕམ་ནོའམེས་ཨེདཔུལཁྲེན་བཅས་ཡིན། ཁོང་རྣམ་པས་གསུང་རབ་ཕྱོགས་བསྡུས་འདིའི་དཀར་ཆག་སྒྲིག་སྟངས་སོགས་ཀྱིས་སྐོར་ལ་སློབ་སྟོན་གནང་རྒྱུ་མ་ཟད། བུདྡྷ་དང་ཏ་ལའི་ལོ་མའི་ལས་གཞི་གཉིས་ལ་མཁོ་བའི་འབར་མ་དང་ཐའེ་ནང་བསྟན་གསུང་རབ་དཔེ་ཆ་བསྡུ་རུབ་ཀྱི་སྐོར་ལ་མཉམ་འབྲེལ་བྱེད་རྒྱུ་དེ་ཡིན།

ཉེ་ཆར་བྷེན་ཀོག་ཏུ་ཡོད་པའི་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་
བཤེར་འབེབས་བྱེད་ས་གཉིས་པ།

ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་སྤྱི་ལོ་༢༠༡༧ལོའི་སྤྱི་ཟླ་༧པའི་བར་དུ། གསུང་རབ་ཕྱོགས་བསྒྲིགས་འདིའི་ཤོག་གྲངས་༥༢༢༥༠བཤེར་འབེབས་བྱས་ཟིན་པ་དང་། ཏ་ལའི་ལོ་མའི་སྟེང་བྲིས་པའི་ནང་བསྟན་གསུང་རབ་འདི་གང་མགྱོགས་བཤེར་འབེབས་དང་། ཉར་སྲུང་། དེ་བཞིན་མི་མང་གིས་བལྟ་ཀློག་ཐུབ་ཆེད་བཤེར་འབེབས་བྱེད་ས་གཉིས་པ་བཙུགས་ཟིན་པ་ཡིན། ང་ཚོས་བཤེར་འབེབས་དང་ཉར་སྲུང་ལས་གཞི་འདི་མུ་མཐུད་དུ་རྒྱུན་འཁྱོངས་དང། གཞན་ཤར་ལྷོ་ཨེ་ཤ་ཡའི་ཁུལ་དུ་ཡོད་པའི་གསུང་རབ་ཕྱོགས་བསྡུས་གཞན་པ་ཁག་ཀྱང་བཤེར་འབེབས་དང་། ཉར་སྲུང་། དེ་བཞིན་མི་མང་གིས་བལྟ་ཀློག་ཐུབ་པའི་ཆེད་དུ་བརྩོན་པ་གང་ཐུབ་བྱེད་རྒྱུ་ཡིན།

No Comments

Sorry, the comment form is closed at this time.