ཐའེ་ལན་དུ་རྟེན་གཞི་བྱས་པའི་ནང་བསྟན་དཔེ་ཚོགས་ལྟེ་གནས།

ཕྱི་ལོ་༢༠༡༦ ནས་བཟུང་གཏོང་ཕོད་ཅན་གྱི་སྦྱིན་བདག་མཁྱེན་བརྩེའི་ཐེབས་རྩ་ཁང་གི་རྒྱབ་སྐྱོར་ལ་བརྟེན་ནས། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་ཏ་ལའི་ལོ་མའི་ཐེབས་རྩ་ཁང་དང་མཉམ་འབྲེལ་གྱིས། ཁོང་ཚོས་འཚོལ་བསྡུ་བྱས་པའི་འཇིག་ཉེན་ཆེ་བའི་ཏ་ལའི་ལོ་བྲིས་མའི་ནང་བསྟན་དཔེ་ཆ་རྣམས་ཉར་སྲུང་བྱས་དང་བྱེད་མུས་སུ་མཆིས། ཏ་ལའི་ལོ་བྲིས་མའི་ནང་བསྟན་ཕྱག་དཔེ་དེ་དག་ནི། ཐེག་དམན་ཏེ་འབར་མ་ནས་བརྒྱུད་པའི་ནང་ཆོས་དང་པཱ་ལིའི་མཚན་ཉིད་རིག་པ། ལོ་རྒྱུས། རྩོམ་རིགས་རྣམས་ཆེད་སྦྱོང་བྱེད་མཁན་རྣམས་ཀྱི་རྨང་གཞིའི་ཐོན་ཁུངས་ལྟ་བུ་ཡིན་པས་ཧ་ཅང་གིས་རྩ་ཆེན་ཡིན། དེ་ག་ནང་བཞིན་ཡུལ་ལུང་དེའི་བྲིས་རྩལ་རིག་པ་དང་གནའ་བོའི་དཔེ་ཆ་དང་ཟིན་བྲིས་བྱེད་ལུགས་ཀྱི་ལག་ལེན། བྲིས་མའི་རིག་གཞུང་རིགས་ལ་ཆེད་སྦྱོང་ཞིབ་འཇུག་པ་རྣམས་ལའང་ལྷག་པར་མཁོ་བ་ཡིན།

ཉེ་ཆར་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱི་ལས་བྱེད་བྷན་ཁོག་ལ་རྟེན་གཞི་བྱས་པའི་ཏ་ལའི་ལོ་མའི་ཐེབས་རྩ་ཁང་ (FPL) ལ་ཕེབས་ཏེ། ཉར་ཚགས་ལས་བྱེད་མི་སྣ་དང་ལས་དོན་བྱ་ཕྱོགས། དྲ་ཐོག་དཔེ་མཛོད་ཀྱིས་མཁོ་སྤྲོད་བྱས་པའི་ཨང་བསྒྱུར་ལས་རིགས་ཀྱི་བཀོལ་ཆས་གསར་པའི་རིགས་བཀོལ་སྟངས་སོགས་ལ་གཟིགས་ཞིབ་དང་རྒྱུས་ལོན་བྱས། ཏ་ལའི་ལོ་མའི་ཐེབས་རྩ་ཁང་ (FPL) གི་དཔེ་མཛོད་ནང་རིན་ཐང་ཆེ་བའི་ཏ་ལའི་ལོ་བྲིས་མའི་དཔེ་ཆ་ཕལ་ཆེར་༢༢༠༠༠ ལྷག་ཉར་ཚགས་བྱས་འདུག་ལ། དེ་དག་གི་མང་ཆེ་བ་ནི་མཐོང་དཀོན་པ་དང་། ཁ་འཐོར་རིགས། གཞན་གྱིས་བཙོང་བ་རྣམས་ཚུར་བླུས་པ་རྐྱང་རེད། ཕྱི་ལོ་༢༠༡༦ ལོ་ནས་བཟུང་ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་འཇིག་སླ་བའི་ཏ་ལའི་ལོ་བྲིས་མའི་དཔེ་ཆ་རྣམས་ཉར་སྲུང་བྱ་ཕྱིར། དེ་དག་བཤེར་འབེབས་བྱེད་འགོ་བརྩམས་ཏེ་དོན་གཉེར་ཅན་ཚོའི་སྤྱན་ལམ་དུ་འབུལ་ཐུབ་པ་ཞིག་བཟོ་རྒྱུ་དང་། རྩ་ཆེའི་རིན་ཆེན་དེ་དག་ཐེངས་གཅིག་བཤེར་འབེབས་བྱས་པ་ནས་མ་འོངས་ཕུག་བརྟན་རང་བཞིན་གྱིས་དྲ་ཐོག་ནས་གནས་ཐུབ་པ་དང་། དོན་གཉེར་ཅན་ཚོས་རིན་མེད་ཀྱིས་བལྟ་ཀློག་ཐུབ་པ་ཞིག་བྱ་རྒྱུ་ཡིན།

ཏ་ལའི་ལོ་མའི་ཐེབས་རྩ་ཁང་གི་དཔེ་མཛོད་ནང་ལས་བྱེད་མི་སྣ་དང་ལྷན་དུ་ཏ་ལའི་ལོ་བྲིས་མའི་པོ་ཏི་འགའ།
(པར་པ། Travis DeTour)

ཨང་བསྒྱུར་འཕྲུལ་ཆས་ཚོད་ལྟ་བྱེད་བཞིན་པ།

བྲིས་མའི་རང་བཞིན་ལ་བརྟེན་ནས། ཏ་ལའི་ལོ་མའི་ཐེབས་རྩ་ཁང་གི་ཉར་སྲུང་བྱེད་ལུགས་ཀྱི་གོ་རིམ་ནི། ཐུན་མོང་མ་ཡིན་པ་ཞིག་བྱས་འདུག ཏ་ལའི་ལོ་མའི་སྟེང་བྲིས་པའི་དཔེ་ཆ་ནི། ཤིང་ཏ་ལའི་ལོ་མའི་སྟེང་ལྕགས་སྨྱུག་ལྟ་བུའི་རྩེ་ཅན་གྱིས་བྲིས་རྗེས། བྲིས་ཤུལ་སོལ་བ་དང་ཐལ་བ་སོགས་བྱུགས་ནས་ཡིག་གཟུགས་རྣམས་ནག་པོ་བྱས་ནས་གསལ་བོ་ཡོང་བར་བྱས་པ་ཞིག་རེད། དུས་ཡུན་གྱི་དབང་གིས་ཏ་ལའི་ལོ་བྲིས་མའི་ཡིག་འབྲུ་རྣམས་མི་གསལ་བར་གྱུར་འདུག་པས་བཤེར་འབེབས་མ་བྱས་སྔོན་ཤོག་ལྷེ་རེ་རེ་ལ་སྣུམ་བྱུགས་ཏེ། ཡིག་འབྲུ་རྣམས་གསལ་དོད་བྱུང་རྗེས་པར་བརྒྱབ་ན་གསལ་བོ་ཡོང་། དེའི་རྗེས་སྤུར་ཆས་ཀྱིས་སྤུར་ཏེ་ཏ་ལའི་ལོ་མའི་ཤོག་ལྷེ་རེ་རེ་བྱས་ནས་སྐམ་པོ་བྱ་དགོས། བྲིས་དཔེ་རེ་ལ་ཤོག་ངོས་བརྒྱ་ཕྲག་ཁ་ཤས་ཡོད་པ་དང་། དེ་དག་ལ་ཨང་བསྒྱུར་ལས་རིགས་ཀྱི་བརྒྱུད་རིམ་ཏག་ཏག་བྱ་དགོས། ནང་བསྟན་དཔེ་ཚོགས་ལྟེ་གནས་ཀྱིས་ད་བར་ཤོག་ལྷེ་༣༡༩༡༩༤ ཨང་བསྒྱུར་བྱས་ཟིན་ཡོད།

ཏ་ལའི་ལོ་མའི་བསྡམས་ཆག་གཙང་བཟོའི་བརྒྱུད་རིམ་སྐབས་སུ་ཤོག་ལྷེ་སྟེང་མ་མང་ཆེ་བ་སྣུམ་བྱུགས་ནས་གཙང་བཟོ་བྱས་མ་བྱས་བར་གྱི་ཁྱད་པར་ཧ་ཅང་ཆེན་པོ་འདུག གཙང་བཟོའི་བརྒྱུད་རིམ་ཏག་ཏག་སོང་བ་རྣམས་ལ་པར་སྤུས་ལེགས་ཡོང་གི་འདུག

ལས་བྱེད་མི་སྣས་ཏ་ལའི་ལོ་མའི་སྟེང་བྲིས་བའི་ནང་བསྟན་གསུང་རབ་ཨང་བསྒྱུར་བྱེད་བཞིན་པའི་རྣམ་པ།

No Comments

Sorry, the comment form is closed at this time.